ཁྱིམ་བདག་ལྷན་རྒྱས།
སྐུ་ཁམས་བཟང་།
དུས་ཀྱི་འཁོར་མོའི་འགྲོས་དང་བསྟུན་ནས་ཡང་བསྐྱར་དགུན་ཁའི་གུང་གསེང་གི་དུས་ལ་སླེབས་སོང་། གུང་གསེང་གི་རིང་ལ་སློབ་མའི་བདེ་འཇགས་དང་འཚོ་བ། སློབ་སྦྱོང་། དེ་བཞིན་བདེ་ཐང་སོགས་ལ་འགན་ལེན་ཡོང་ཕྱིར་ངེད་སློབ་གྲྭས་ཁྱིམ་བདག་རྣམས་ལ་ཆེད་དུ་ཡི་གེ་འདི་བསྐུར་བ་ལགས། ལོ་བརྒྱའི་ཇུས་ཆེན་སློབ་གསོ་ལ་ཐུག་ཡོད་ཟེར་བ་བཞིན། ཆེན་པོའི་རྒྱལ་ཁབ་གཅིག་གམ་མི་རིགས་ཤིག། ཆུང་སའི་ཡུལ་སྡེ་ཞིག་གམ་ཁྱིམ་ཚང་ཞིག་གི་དར་རྒུད་ནི་སློབ་གསོ་དང་དམ་དུ་འབྲེལ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། སློབ་གསོ་ལ་མཐོང་ཆེན་བྱེད་པ་ནི་ཡར་རྒྱས་འབྱུང་བའི་རྒྱུ་དང་། དེར་མཐོང་ཆུང་གིས་ཁྱད་གསོད་བྱེད་པ་ནི་རྗེས་སུ་ལུས་པའི་གཞི་ཡིན།
སློབ་མའི་སློབ་གསོ་ནི་སློབ་གྲྭ་ཁོ་ན་ཙམ་མ་ཡིན་པར་ཁྱིམ་ཚང་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་སོགས་དང་དམ་དུ་འབྲེལ་ཡོད་པ་སྨྲོས་མེད་ལགས། དེར་བརྟེན་ཁྱིམ་བདག་གིས་སློབ་མ་བསུ་སྐབས་ངེས་པར་དུ་ཁ་ལོ་བའི་ལག་ཁྱེར་ཆ་ཚང་ཡོད་པའི་རླངས་འཁོར་ནང་བསུ་བ་ལས་གང་བྱུང་དུ་གཞན་ལ་མངགས་པའམ་སྦག་སྦག་སོགས་བདེ་འཇགས་མེད་པའི་འཕྲུལ་ཆས་ཀྱིས་མི་བསུ་བར་ཞུ་རྒྱུ་དང་ཆབས་གཅིག་གཤམ་གསལ་གྱི་དོན་ཚན་ཁག་ལ་ཡིད་གཟབ་གནང་རོགས།
གུང་གསེང་གི་དུས་ཚོད་ནང་དུ་ཁྱིམ་བདག་གིས་སློབ་མ་ཁྲིད་ནས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ལ་ཞུགས་མི་ཆོག་པ། གུང་གསེང་གི་དུས་ཚོད་ནང་དུ་སློབ་མའི་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་ཐུབ་པ་བྱ་རྒྱུ་དང་། བཟས་རིགས། ཆུ་ལོག། མེ་སྐྱོན། ཉེན་ཁ་ཡོད་པའི་གློག་ཆས་སོགས་བདེ་འཇགས་དོན་རྐྱེན་ལ་དེ་བས་ཡིད་གཟབ་གནང་རོགས།
གུང་གསེང་གི་དུས་ཚོད་ནང་དུ་ཁྱིམ་བདག་གིས་བུ་ཕྲུག་ལ་ནད་ཡམས་སྔོན་འགོག་བྱ་ཕྱིར་ཁ་རས་རྒྱག་རྒྱུར་སྐུལ་མ་གཏོང་དགོས་པ་མ་ཟད་མི་ཚོགས་མར་སར་འདུ་འཛོམས་བྱ་རྒྱུར་གཏན་འགོག་བྱེད་དགོས།
གུང་གསེང་གི་དུས་ཚོད་ནང་དུ་སློབ་ཕྲུག་བུ་མོའི་རང་ལུས་བདག་སྐྱོང་གི་ཐད་ལ་དོ་དམ་དང་ལྟ་སྐྱོང་ནན་པོ་བྱ་དགོས། ལྷག་པར་དུ་བུ་ཕྲུག་ནང་མ་ཁང་དང་ཨར་ཁང་། དྲ་ཁང་། སྒྲོམ་སྟེགས་སྤོ་ལོ་ཁང་སོགས་མི་ཚོགས་མང་ས་དང་འདུ་འཛི་ཆེ་སར་རྩ་བ་ནས་མི་གཏོང་བ་དང་། དུས་ཐོག་ཏུ་ནང་དུ་ལོག་དགོས་པའི་སྐུལ་མ་མང་དུ་གཏོང་དགོས།
མཇུག་ཏུ་ངེད་སློབ་གྲྭའི་སློབ་མ་རྣམས་གུང་གསེང་སྤྲོ་པོ་ཡོང་བ་དང་། ཁྱིམ་བདག་ལྷན་རྒྱས་ཁྱིམ་ཚང་འཆམ་མཐུན་དང་། བྱ་བ་ལམ་འགྲོ། ནད་མེད་ཚེ་རིང་། གང་བསམ་འབད་པའི་ལས་ལ་རེ་བའི་འབྲས་བཟང་ཐོབ་པའི་སྨོན་འདུན་ཞུ།
སྲིན་པོ་རི་སློབ་འབྲིང་ནས།
༢༠༢༣ལོའི་ཟླ་༡༢པའི་ཚེས་༡༨ཉིན།