收藏TA

需扫码在手机上打开
文章后点击更新提醒

ལི་ཐང་སློབ་འབྲིང་གིས་འགྲིམ་འགྲུལ་བདེ་འཇགས་སྐོར་ནས་ཁྱིམ་བདག་ལ་སྤྲིངས་པའི་འཕྲིན།

编辑于2023-12-06 阅读793

གུས་པར་འོས་པའི་ཁྱིམ་བདག་ལགས། ཁམས་བཟང་།       

     རང་རེའི་སློབ་གྲྭ་ནི་འགྲིམ་འགྲུལ་གྱི་འགག་མདོར་གནས་པ་དང་། ལྷག་པར་དུ་ཉིན་ལྟར་སློབ་མ་སློབ་གྲྭ་གྲོལ་རྗེས་དང་སློབ་གྲྭར་ཡོང་སྐབས་རླངས་འཁོར་མང་བ་མ་ཟད།རླངས་འཁོར་གྱི་མྱུར་ཚད་ཀྱང་མགྱོགས་པས།སློབ་མའི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་པོ་ཡོད། སློབ་གྲྭས་སློབ་མའི་བདེ་འཇགས་ལ་མཐོང་ཆེན་བྱེད་བཞིན་པའི་མི་ཚད། དེ་འབྲེལ་ལས་ཀ་མང་པོ་བྱས་ཡོད་མོད། ད་དུང་སློབ་གྲོགས་དང་ཁྱིམ་བདག་ཁ་ཤས་ཀྱི་བདེ་འཇགས་ཀྱི་འདུ་ཤེས་ཞན་པ་དང་།སློབ་གྲྭའི་བདེ་འཇགས་ཀྱི་བླང་བྱ་ལ་དོ་སྣང་མི་བྱེད་པའི་གནས་ཚུལ་བྱུང་གིན་འདུག་པས།  བདེ་འཇགས་ལས་དོན་སྔར་ལས་དོན་འཁྱོལ་ཡོང་ཆེད་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་བརྡ་འདི་བཏང་བ་ཡིན་པས། རེ་བར་ཁྱིམ་བདག་ཀུན་གྱིས་རོགས་འདེགས་དང་བྱས་ནས་མཉམ་འབྲེལ་སྒོས་ལག་ལེན་བྱེད་པར་འཚལ།   

གཅིག   བྱིས་པ་དཔལ་ཡོན་ལྡན་པའི་ངང་འགྲོ་འོང་བྱེད་པར་སློབ་གསོ་གཏོང་དགོས།  

༡ ཚད་ལྡན་མིན་པའི་རླངས་འཁོར་གྱིས་བྱིས་པ་སྐྱེལ་དུ་འཇུག་མི་ཉན། རླངས་འཁོར་འདི་དག་སྒྲིག་འགལ་ཡིན་པས་འབྲེལ་ཡོད་སྤུས་ཚད་ཚད་གཞི་དང་མི་མཐུན་ལ། ལག་རྟགས་མེད་པ་དང་བདེ་འཇགས་ཀྱི་ཚད་ཧ་ཅང་དམའ་བ་རེད། ཁ་ལོ་བ་མང་ཆེ་བར་ཆེད་མངགས་གསོ་སྦྱོང་བྱས་མེད་ཅིང་།  ཁོ་ཚོས་རང་དགར་འགྲུལ་པ་སྐྱེལ་འདྲེན་བྱེད་ཀྱིན་ཡོད་པས་བྱིས་པའི་ཚེ་སྲོག་ལ་ཉེན་ཁ་བཟོ་བཞིན་ཡོད། ཁྱིམ་བདག་གིས་ངེས་པར་དུ་རླངས་འཁོར་འདི་དག་གི་གནོད་འཚེའི་རང་བཞིན་ངོས་ཟིན་པར་བྱས་ཏེ། བྱིས་པར་རང་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།   བྱིས་པ་རླངས་འཁོར་དེ་རིགས་ལ་འདུག་པར་གཏན་འགོག་བྱ་དགོས།   བྱིས་པ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་ངོས་འཛིན་ཐོབ་ཅིང་སྐྱེལ་འདྲེན་ལས་གཉེར་གྱི་གཏན་འཁེལ་དང་མཐུན་པའི་རླངས་འཁོར་ལ་འདུག་ཏུ་བཅུག་ནས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

༢  རང་གི་བྱིས་པར་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་གང་ལེགས་གཏོང་དགོས། ཕྱི་རོལ་དུ་འགྲོ་འོང་བྱེད་དུས་་གཞུང་ལམ་ཐོག་རྩེད་འཇོར་རོལ་མི་ཆོག་པ་དང་། གཞུང་ལམ་འཕྲེད་གཅོད་བྱེད་སྐབས་རྟགས་ཁྲའི་ཐོག་བསྐྱོད་དགོས་པ་ལས་གློག་དམར་བརྒལ་མི་ཉན་ལ། བཞི་མདོའི་ལམ་ཁ་བརྒྱུད་དུས་ཕར་འགྲོ་ཚུར་འོང་གི་འཁོར་ལོའི་རིགས་ལ་དོ་སྣང་བྱ་དགོས། རྒྱ་ལམ་བརྒལ་སྐབས་རྣ་ཉན་ལ་མི་ཉན་པ་དང་།  མགོ་བོ་སྒུར་ནས་མི་འགྲོ་བ་དང་། གཡས་གཡོན་ཀུན་ལ་མཉམ་འཇོག་བྱེད་བཞིན་འགྲོ་དགོས། 

 ༣ བྱིས་པར་གློག་སྒུལ་འཁོར་ལོ་དང་།ལྕགས་རྟ།འཕྲུལ་རྟ་སོགས་བསྐོར་དུ་མི་འཇུག་པ་དང་།  ནར་མ་སོན་པའི་བྱིས་པར་ལག་ཁྱེར་མེད་པར་རླངས་འཁོར་བསྐོར་དུ་འཇུག་མི་རུང་།

གཉིས།  ཁྱིམ་བདག་ནི་དཔལ་ཡོན་ལྡན་པའི་འགྲོ་འོང་གི་སྣེ་ཁྲིད་པ་བྱེད་དགོས། 

༡ ཁྱིམ་བདག་གིས་་རླངས་འཁོར་བསྐོར་སྐབས་མྱུར་ཚད་བརྒལ་མི་ཆོག་པ་དང་།  ཤོང་ཚད་ལས་བརྒལ་མི་ཆོག་པ།   ཆང་འཐུང་ནས་རླངས་འཁོར་མི་བསྐོར་བ། ངལ་དུབ་ཀྱི་ངང་ནས་མི་བསྐོར་བ།  གློག་དམར་མི་བརྒལ་བ།  མྱུར་སྐྱོབ་འཁོར་ལམ་མི་འགོག་པ། རྟགས་དང་ལག་ཁྱེར་མེད་པའི་རླངས་འཁོར་མི་བསྐོར་བ།  རང་རྟོགས་སྒོས་བགྲོད་ལམ་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་བྱས་ཏེ། བདེ་འཇགས་དང་ཡ་རབས་ཀྱི་སྒོ་ནས་འགྲོ་འོང་གི་སྣེ་ཁྲིད་པ་བྱ་དགོས།

༢ འཕྲུལ་རྟ་དང་གློག་སྒུལ་འཁོར་ལོ་བསྐོར་བའམ་དེའི་སྟེང་དུ་སྡོད་སྐབས།  རང་རྟོགས་ཀྱིས་ཉེན་འགོག་ཞྭ་གྱོན་དགོས་པ་མ་ཟད།ཤོང་ཚད་ལས་བརྒལ་མི་རུང་།(འགྲིམ་འགྲུལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་འཕྲུལ་རྟའི་རྒྱབ་ཏུ་མི་གཅིག་ཁོ་ན་ལས་འདུག་མི་རུང་།) རླངས་འཁོར་གྱི་བཅའ་ཁྲིམས་གཏན་ཁེལ་ལྟར་ཉེན་སྲུང་ཐག་པ་བཅིངས་དགོས།

  ༣ བྱིས་པ་སྐྱེལ་བསུ་བྱེད་སྐབས། ཁྲིམས་འགལ་ལུགས་འགལ་གྱིས་རླངས་འཁོར་གཏོང་མི་ཆོག་ལ། རླངས་འཁོར་སློབ་གྲྭའི་སྒོའི་ཉེ་འགྲམ་དུ་བཞག་ནས་སློབ་གྲྭ་གྲོལ་རྗེས་སློབ་གྲྭའི་བགྲོད་ལམ་ཤར་སྐྱོད་ཐུབ་པར་ཁག་ཐེག་བྱ་དགོས།འགྲིམ་འགྲུལ་ཉེན་རྟོག་པ་དང་།སློབ་གྲྭའི་གཟའ་རེས་དགེ་རྒན།  སྒོ་སྲུང་བཅས་ཀྱི་བཀོད་སྒྲིག་ལྟར་མཉམ་དུ་སློབ་གྲྭའི་ཉེ་འགྲམ་གྱི་སྒྲིག་ལམ་ལ་སྲུང་སྐྱོབ་བྱ་དགོས།  གལ་ཏེ་འབྲེལ་ཡོད་ཀྱི་གཏན་འབེབས་དང་འགལ་ཚེ་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་ལྟར་ཐག་གཅོད་བྱ་ངེས་ཡིན། 

གསུམ།  འགྲིམ་འགྲུལ་གྱི་བསམ་ཡུལ་ལས་འདས་པའི་གནས་ཚུལ་འཕྲད་སྐབས་ཡང་དག་པའི་བྱེད་ཐབས་སྤྱོད་དགོས།

  གལ་ཏེ་སྟབས་མ་ལེགས་པར་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ།  གཅིག་ནས་དུས་ཐོག་ཏུ་110ལ་ཁ་པར་བརྒྱབ་ནས་རོགས་བྱེད་དུ་འཇུག་དགོས། གཉིས་ནས་མྱུར་སྐྱོབ་རླངས་འཁོར་མ་སླེབས་གོང་རྨས་མ་བཙན་གྱིས་འཐེན་མི་རུང་བར་སྦྱངས་ཟིན་པའི་མྱུར་སྐྱོབ་རྒྱུན་ཤེས་སྤྱད་ནས་ཁྲག་གཅོད་པ་དང་རྨ་རས་དཀྲིས་པའི་མྱུར་སྐྱོབ་བྱེད་ཐབས་སྤྱོད་དགོས། གསུམ་ནས་ཕྱིས་འབྱུང་གནས་ཚུལ་ལ་གཞིགས་ནས་ཆག་སྒོ་བསླངས་པའི་རླངས་འཁོར་གྱི་ཁ་དོག་དང་།  བཟོ་དབྱིབས། རླངས་འཁོར་གྱི་ཨང་རྟགས།  དེ་བཞིན་མཐའ་འཁོར་དུ་ངོ་ཤེས་པའི་མི་སོགས་ལ་གསལ་པོར་བལྟས་ན། རྗེས་ཀྱི་དོན་རྐྱེན་ཐག་གཅོད་བྱེད་པར་སྟབས་བདེ་བསྐྲུན་ཡོད་པ་སོགས་ངེས་པར་སེམས་ལ་འཛིན་དགོས།        ཁྱིམ་བདག་རྣམ་པ་དང་།  ལྟ་སྐྱོང་བྱེད་མཁན་ལགས།  ཕྲུ་གུའི་བདེ་འཇགས་དང་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་ཆེད་དུ།  ཁྱེད་དང་ཁྱེད་ཀྱི་ཕྲུ་གུས་ངེས་པར་དུ་《གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ལ་བརྩི་སྲུང་བྱེད་པ་དང་།   འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ལ་སློབ་སྦྱོང་བྱེད་པ།  འགྲིམ་འགྲུལ་དོན་རྐྱེན་གྱི་གནོད་འཚེ་ལས་རྒྱང་དུ་བཀྱེད་ཆེད།  ང་ཚོས་མཉམ་དུ་ལག་གདང་སྦྲེལ་ནས་ཕྲུ་གུ་ཚོར་བདེ་འཇགས་དང་བདེ་སྐྱིད་ལྡན་པའི་འཚར་ལོངས་ཀྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་དགོས།                   

 

(ལི་ཐང་སློབ་འབྲིང་གི་ཀུན་སྤྱོད་སློབ་གསོ་ཁང་ནས།)

                   2023.12.05                                      

阅读 793
文章由 美篇工作版 编辑制作
投诉