དགེན་ལགས། ཁྱེད་ཉིད་འོ་བརྒྱལ་ཆེ་སོང་།

Kham Yangkyi
创建于2023-11-08
阅读 1573
收藏TA

需扫码在手机上打开
文章后点击更新提醒

སློབ་མ་ཞིག་ལ་དགེ་རྒན་བཟང་པོ་ཞིག་འཕྲད་པ་ནི་སློབ་མ་དེའི་སྔོན་བསགས་ཀྱི་བསོད་ནམས་བཟང་པོ་ཞིག་ཡིན་པས། ངས་རྟག་པར་དགེ་རྒན་ཁྱེད་དང་འཕྲད་པ་ནི་ངའི་མི་ཚེ་འདིའི་བསོད་ནམས་ཆེ་ཤོས་ཞིག་ཏུ་རྩི་བཞིན་ཡོད། དགེ་རྒན་ངེད་གཉིས་ཐོག་དང་པོ་འཕྲད་དུས་ནི་ལོ་ངོ་བཅོ་ལྔའི་སྔོན་གྱི་ངའི་དམའ་འབྲིང་འཚོ་བའི་འགོ་བརྩམས་དུས་ཀྱི་ཉིན་བཟང་སྐར་བཟང་དེ་ཡིན། ཐོག་དང་པའི་ཚོགས་ཐུན་ཐོག་རྒན་ལགས་ཀྱི་རང་ཉིད་ངོ་སྤྲོད་སྟབས་བདེ་ཞིག་བྱེད། ང་ནི་ཁྱེད་ཚོའི་བོད་ཡིག་དགེ་རྒན་ཡིན་ཟེར་བ་དང་བདེ་མྱུར་ལྡན་པའི་ངང་ནག་པང་སྟེང་ས་སྨྱུག་ཞིག་གིས་སྐལ་བཟང་དབྱངས་ཅན་དང་དེའི་འོག་ཏུ་སྐལ་ལོ་ཞེས་མིང་གཉིས་བྲིས། དལ་མོར་ཁ་ཕྱིར་འཁོར་ཏེ་འཛུམ་དམུལ་དམུལ་གྱིས་ངའི་མིང་ལ་སྐལ་བཟང་དབྱངས་ཅན་ཟེར། མི་ཚོའི་རྒྱུན་པར་ང་ལ་སྐལ་ལོ་ཞེས་འབོད་པས། ཁྱེད་ཚོའི་ང་ལ་རྒན་སྐལ་ལོ་ཞེས་འབོད་ན་འགྲིག་ཟེར། དེ་ནས་བཟུང་ངའི་ཡིད་ངོགས་སུ་ཆེས་བརྗེད་ཐབས་བྲལ་བ་ནི་རྒན་ལགས་ཀྱི་བྱམས་བརྩེའི་ཕྱུག་པའི་འཛུམ་མདངས་དེ་ཡིན་ལ། འཛུམ་མདངས་དེས་དགེ་སློབ་གཉིས་བར་བར་ཐག་ཉེ་བོ་ཉེ་བོ་ཞིག་ཏུ་བཏང་། 

  ཅུང་མ་འགོར་བར་རྒན་ལགས་ཀྱིས་ང་ཚོ་དམའ་གཉིས་གསུམ་པའི་གཙོ་འཛིན་དགེ་རྒན་གྱི་འགན་ཡང་གཅིག་ལྕོགས་སུ་བཞེས་སོང་། རྒན་ལགས་ཀྱིས་ང་ཚོར་འབྲེལ་ཡོད་ཀྱི་ལས་བྱ་དག་ཕར་ཕུད་པའི་གཟའ་འཁོར་རེར་ཕྱོགས་སྡོམ་གཟའ་ཐོ་རེ་འབྲི་བཅུག་པ་རེད། དམའ་འབྲིང་མཐར་ཕྱིན་རྗེས། ང་ཚོའི་འཛིན་གྲྭའི་མཐོ་འབྲིང་ལ་རྒྱུགས་འཕྲོད་པའི་སློབ་མ་སྐོར་ཞིག་དེ་ཡང་བསྐྱར་དཀར་བོད་སློབ་འབྲིང་ནང་འདོན་པའི་གོ་སྐབས་བྱུང་བ་དང་། དགེ་རྒན་ནི་ད་ལྟ་རྫོང་མི་རིགས་སློབ་འབྲིང་ནང་ཡར་སོང་བ་རེད། ༼ང་ཚོ་ནི་༢༠༠༨རིམ་པའི་དམའ་འབྲིང་མཐར་ཕྱིན་འཛིན་གྲྭ་དེ་ཡིན་པས། དཀར་བོད་ཚང་གི་ཆེས་མཐའ་མའི་དམའ་འབྲིང་སྡེ་ཁག་དེ་དང་ཆེས་མཇུག་མཐའི་མཐོ་འབྲིང་སྡེ་ཁག་དེའང་ཡིན། ང་ཚོ་དམའ་འབྲིང་མཐར་ཕྱིན་རྗེས་དཀར་བོད་ཚང་གི་དགེ་རྒན་ཕལ་མོ་ཆེར་རྫོང་མི་རིགས་སློབ་འབྲིང་ནང་སོང་བ་རེད། ༽རྒན་ལགས་ཀྱིས་ང་ཚོར་མུ་མཐུད་དུ་གཟའ་ཐོ་འབྲི་བར་སྐུལ་བ་དང་ང་ཚོའི་ཀྱང་མཐོ་གཉིས་བར་དུ་རྒྱུན་ཁྱོངས་བ་ཡིན། གཟའ་འཁོར་རེའི་གཟའ་ཐོ་ནང་ང་ལ་བརྗེད་མི་ཚར་བའི་ཉག་ཉོག་གི་སྐད་ཆ་མང་བ་དང་རྒྱུན་པར་སློབ་གྲོགས་གཞན་དང་ཁ་བརྡ་ཉུང་བས་སེམས་ཀྱི་དགའ་སྐྱོ་ཚང་མ་འབྲི་བར་དགའ་བས། དགེན་ལགས་ནི་ངའི་དགའ་སྐྱོ་ཁ་ཚང་ཞིག་གི་བདག་པོ་རྒྱབ་མཁན་ལྟ་བུ་ཞིག་ཏུ་གྱུར།

ང་ལ་མཚོན་ན། གཟའ་འཁོར་གཅིག་གི་ནང་རེ་སྒུག་ཆེས་ཤོས་ནི་རེས་གཟའ་སྤེན་པ་ཕུད་རྒན་ལགས་ཀྱིས་གཟའ་ཐོ་འབྲི་དེབ་ཕྱིར་སྤྲད་རྒྱུ་དེ་རེད། རྒྱུ་མཚན་ནི་ངའི་གཟའ་ཐོའི་འོག་ན་རྒན་ལགས་ཀྱིས་དཔྱད་བརྗོད་ཅི་ཞིག་གནང་ཡོད་རྒྱུ་རེད་བསམ་པའི་བསམ་པ་དེ་རེད། རྒན་ལགས་ཀྱིས་ངའི་གཟའ་ཐོ་རེ་རེར་དཔྱད་བརྗོད་ཅི་ཡང་མེད་པ་ཧ་ཅང་དཀོན་པས། ལྕགས་སྨྱུག་དམར་པོའི་འབྲི་བའི་ཡིག་འབྲུ་དེ་དག་རྡོ་བརྐོས་རི་མོ་བཞིན་ངའི་འབྲི་དེབ་ཐོག་ད་ལྟའང་གསལ་ལྷང་ངེར་འདུག ང་རང་སློབ་ཆེན་འདོན་བཞིན་ཡོད་པའི་དགུན་གནང་གི་ཉིན་ཞིག་ལ། གཟའ་ཐོ་འབྲི་དེབ་ཆེ་མ་ཆུང་གསུམ་ཉར་ཡོད་པ་རྣམས་ལ་ཡང་ལྟ་ཞིག་བྱེད་དུས། མང་ཆེ་བ་ནི་དགེ་རྒན་གྱིས་ང་ལ་བསྟོད་པ་དང་སྤོབས་པ་རྐྱང་རྐྱང་བསྩལ་ཡོད་ལ། མཚམས་རེ་ནི་ངའི་གནད་དོན་དག་ལ་དབྱེ་ཞིབ་ཞིབ་མོ་ཞིབ་མོ་ཞིག་གིས་གནས་ལུགས་བཟང་པོ་བཟང་པོ་ཞིག་བསྟན་འདུག དེ་ན་ང་ནི་དགེ་རྒན་གྱི་བྱམས་བརྩེ་དང་ལྷག་བསམ་གྱིས་གཉོར་ནས་ལག་ཆགས་པའི་སློབ་བུ་དེ་ཡིན་ཟེར་ན་མི་ཆོག་རྒྱུ་ག་ལ་ཡོད། ཕྱིས་སུ་ང་རང་སློབ་ཆེན་མཐར་ཕྱིན་ནས་ལས་ཀར་ཞུགས་རྗེས། དགེ་རྒན་ངེད་གཉིས་བར་དུ་དབྱར་དགུན་གནང་གི་སྐབས་ཐུག་འཕྲད་རེ་གཉིས་ལས་མཉམ་འཛོམས་ཀྱི་སྐལ་བ་དེ་ཤིན་ཏུ་དཀོན་པར་གྱུར། ཐུག་ཐེངས་རེ་རེར་ཞེ་འཁྲེང་གི་ཁུར་བོ་ཐང་དུ་ཕོག་སྟེ་སྦ་གསང་མེད་པར་དགའ་སྐྱོ་ཡོད་ཚད་ཀྱི་སྐད་ཆ་ཚང་མ་ལྷུག་པོར་བརྗོད་ཆོག ན་ནིང་ནས་ང་རང་ལྕགས་ཟམ་རྫོང་ནས་ཕ་ཡུལ་དཀར་མཛེས་ལ་ལས་གནས་བརྗེ་བ་དང་དགེ་རྒན་ངེད་གཉིས་བར་མཉམ་མཛོམས་ཀྱི་སྐལ་བ་སླར་ཡང་བྱུང་ཡང་། ཡིད་ཕངས་པ་ཞིག་ལ་དུས་ཀྱི་འཁོར་ལོའི་དབང་བཙན་པས་རྒན་ལགས་ནི་ད་ལོ་ལས་འཁྱུར་ངལ་གསོའི་དུས་ལ་རན་འདུག ཁ་སང་ང་ཚོ་དམའ་གསུམ་གསུམ་པའི་འཛིན་གྲྭ་ཡོངས་ཀྱིས་དགེ་རྒན་གྱི་ལས་འཁྱུར་ངལ་གསོའི་བྱེད་སྒོ་སྤེལ་བ་དང་དེའི་ཐོག་རྫོང་ཁག་གཞན་ན་ལས་ཀ་སྒྲུབ་བཞིན་ཡོད་པའི་སློབ་གྲོགས་འགའ་རེའང་ཆེད་དུ་ཡོང་ཡོད་པས། ང་ཚོ་སྔར་བཞིན་དགེ་སློབ་ལྷན་འཛོམས་བྱུང་བས་སེམས་པ་སྤྲོ་བོ་བྱུང་། དགེ་རྒན་ནི་ཡིད་འགུལ་ཐེབས་སླ་ཞིང་སེམས་པ་ཧ་ཅང་སྙི་མོ་སྙི་མོ་ཞིག་ཡིན། མིག་ཀོང་གི་མཆི་མ་དེ་ནང་ལ་མིད་ཅི་ཐུབ་བྱས་ཀྱང་འགའ་རེ་ནི་རང་དབང་མེད་པར་མཁུར་ཚོས་གཡས་གཡོན་བརྒྱུད་ནས་བཞུར་ཡོང་། རྒན་ལགས་ནི་ལས་འཁྱུར་ངལ་གསོའི་དུས་ལ་རན་ནས་ཡིད་སྐྱོ་བ་དེ་མིན་པར། མི་ལོ་སུམ་ཅུ་ལྷག་གི་རིང་ཀ་ཁའི་དབྱངས་རྟ་ངག་ལ་གྱེར་ནས་མི་རིགས་འདིའི་ལས་དབང་ལྕགས་སྨྱུག་ལ་བཅོལ་ཡོད་པས་མིག་ཆུའི་ཐིགས་པ་རེ་རེའི་གསེང་ན་མི་རིགས་འདིའི་ལས་དབང་ཡོད་སྲིད་ལ་བོད་སྐད་ཡིག་གི་ཉམ་ང་བའི་གནས་བབ་འདིའང་ཡོད་ངེས། རྒན་ལགས་ཀྱིས་མི་ལོ་སུམ་ཅུའི་ནང་མི་རིགས་ཀྱི་ལ་རྒྱ་སྐམ་པོ་ཁ་ནས་མ་བཤད་ཀྱང་དོན་གྱི་ལ་རྒྱ་ཞོགས་པའི་སྐྱ་རེངས་དང་དགོང་མོ་སྐར་ཚོགས་ཀྱི་བར་ནས་ཉིན་གཅིག་ལྟར་སློབ་གསོའི་ལས་དོན་ཐོག་སྤེལ་ཡོད། འདི་ནས་ངས་ཁྱེད་ལ་སྐད་གསང་མཐོན་པོས་མི་རིགས་ཀྱི་དཔའ་བོ་ཞེས་ལན་བརྒྱ་འབོད་འདོད་ཅིང་། དྲན་པའི་གཏིང་རིང་ན་ནམ་ཡང་ཡལ་བ་མེད་པའི་རིན་ཆེན་གསེར་གྱི་རྡོ་རིང་ཞིག་ཀྱང་བཞེངས་འདོོད། དགེན་ལགས། ཁྱེད་ཉིད་འོ་བརྒྱལ་ཆེ་སོང་། [玫瑰][玫瑰][玫瑰]མཐར་ཁྱེད་ཉིད་ཚེ་ཐག་ཆུ་ལས་རིང་ཞིང་ལུས་ན་ནད་མེད་པའི་བཀྲ་ཤིས་ཤོག ཉིན་མོ་བདེ་ལེགས་མཚན་བདེ་ལེགས།། ཉིན་མའི་གུང་ཡང་བདེ་ལེགས་ཞིང་། ཉིན་མཚན་རྟག་ཏུ་བདེ་ལེགས་པར།། དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག། །། 

阅读 1573
文章由 美篇工作版 编辑制作
投诉