དེ་རིང་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཡུས་ཧྲུའུ་མཐོ་འབྲིང་ལྔ་པའི་བོད་ཡིག་ཁྲིད་དཔྱོད་ཁང་གི་དགེ་རྒན་ཡོངས་དང་སློབ་མ་ཡོངས་ཀྱིས་རྟེན་འབྲེལ་དང་ཁ་གཡང་ཁྲོད་དུས་ཆེན་བསུ་བའི་ཡིག་གཟུགས་འགྲན་བསྡུར་སྐབས་གཉིས་པའི་བྱ་འགུལ་སྤེལ།
བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ནི་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་མེས་པོ་གོང་མ་རྣམས་ཀྱིས་ང་ཚོར་བཞག་པའི་ཤེས་རབ་ཀྱི་ཉིང་བཅུད་དང་། ང་ཚོ་ཐུན་མོང་ལ་དབང་བའི་ནོར་བུ་རེད། བོད་ཀྱི་ཡིག་གཟུགས་འདི་ལའང་ལོ་རྒྱུས་ཡུན་རིང་ལྡན་ལ་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་ཆེན་པོ་ལྡན་ཡོད། དེའི་ཕྱིར་ངེད་སློབ་གྲྭའི་སྐད་ཡིག་ཁྲིད་དཔྱོད་ཁང་གིས་ཀྱང་སློབ་མ་ཚོར་ཤུལ་བཞག་རིག་གནས་རྩ་ཆེན་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འོས་འགན་གྱི་འདུན་པ་མཐོར་འདེགས་པ་དང་། བོད་ཡིག་གི་ཡིག་གཟུགས་ལ་མཐོང་ཆེན་དང་སློབ་སྦྱོང་བྱེད་པར་སྐུལ་ཕྱིར། རྒྱལ་སྤྱིའི་བོད་ཀྱི་ཡིག་གཟུགས་དུས་ཆེན་འདི་དང་བསྟུན་ཡིག་གཟུགས་འགྲན་བསྡུར་སྐབས་གཉིས་པ་སྤེལ་བ་ཡིན།
ཐོག་མར་མཐོ་གཅིག་དང་མཐོ་གཉིས་ཀྱི་སློབ་མ་ཡོངས་འགྲན་བསྡུར་དུ་ཞུགས་པ་དང་། སློབ་མ་ཚང་མས་རང་རང་བྱང་བ་དང་མཁས་པའི་བྲིས་གཟུགས་གང་ལེགས་བྲིས་པ་རེད། དེ་བས་སློབ་མ་ཡོངས་ཀྱིས་བྲིས་པའི་ཡིག་གཟུགས་ཀྱི་བརྩམས་ཆོས་ལས་བོད་ཡིག་དགེ་རྒན་ཡོངས་ཀྱིས་བཟང་ཤོས་རྣམས་བདམས་པ་དང་། དེའི་ནང་ནས་སློབ་མ་སུམ་ཅུ་སོ་ལྔ་རྟིང་རྩོད་འགྲན་བསྡུར་དུ་ཞུགས་ཐུབ་པར་བྱུང་།
རྟིང་རྩོད་འགྲན་བསྡུར་ཁྲོད་སློབ་མ་རྣམས་ཀྱིས་ཀྱང་རང་རང་གི་ཕུལ་དུ་བྱུང་བའི་སོར་རྩལ་ངོམ་སྟེ། དབུ་ཅན་དང་དབུ་མེད། ཚུགས་རིང་ཐུང་། འཁྱུག་བྲིས་
སོགས་མཛེས་པའི་ཉམས་ཀྱིས་ཕྱུག་པའི་བྲིས་གཟུགས་གང་མང་བྲིས།
དེ་རྗེས་ངེད་ཁྲིད་དཔྱོད་ཁང་གིས་རང་ཡུལ་གྱི་བྲིས་པ་གྲགས་ཅན་རྒན་ཨ་བྲོ་ཆོས་དབྱིངས་དཔལ་རྒྱས་ལགས་གདན་འདྲེན་བྱས་ཏེ་རྟིང་རྩོད་འགྲན་བསྡུར་དུ་ཞུགས་པའི་སློབ་མ་སུམ་ཅུ་ལྷག་གི་ནང་ནས་ཆེས་ཕུལ་དུ་བྱུང་བའི་སློབ་མ་བཅུ་ཙམ་བདམས་པ་རེད། ཁོང་གིས་སློབ་མ་རེ་རེས་བྲིས་པའི་ཡིག་གཟུགས་ལ་ནན་ཏན་གྱིས་དཔྱད་འདེམ་གནང་།
མཐར་བྱ་འགུལ་འདི་བརྒྱུད་དགེ་སློབ་ཡོངས་ལ་ཡབ་མེས་གོང་མ་རྣམས་ཀྱིས་བཞག་པའི་སྲོལ་རྒྱུན་ཡིག་གཟུགས་ཚད་དང་ལྡན་པ་ཞིག་འབྲི་རྒྱུ་ལ་ཐུགས་གཞིག་མཛད་རྒྱུའི་གལ་ཆེའི་རང་བཞིན་དང་། མ་འོངས་པའི་སློབ་སྦྱོང་གི་ལམ་བུའི་ཁྲོད་མུ་མཐུད་དུ་བོད་ཀྱི་ཡིག་གཟུགས་ཀྱི་ལས་ལ་འབད་པས་གཞོལ་བར་སྐུལ་ཡོད་དོ། །
为进一步传承和发扬本民族的书法文化,激发学生对民族灿烂文化和语言文字的热爱之情,展示学生藏文书法风采,增强学生写规范字、用规范字的意识,传承传统文化,营造校园文化建设氛围,玉树藏族自治州第五民族高级中学藏文教研组于4月30日在校园内藏文书法大赛作品展览活动。
初赛由高一高二全体学生参赛,每个班选3到5名学生进入复赛,共选出35名学生进入决赛,
决赛中邀请了囊谦县著名藏文书法家阿卓曲英巴杰老师来评选。
最后的参赛作品在校园内进行展览。
通过此次活动,体现了我校对学生学习素养的重视以及对学生学习习惯的培养,我校会坚持书法教育,让更多的孩子乐于练书法,更好地传承中华文化。
ཐོན་མིའི་ཕྱག་སོར་རྩལ་གྱི་ལེགས་བསྐྲུན་པའི། །
གངས་ཅན་རིག་པའི་མཛོད་ཀྱི་རིན་ཆེན་ནོར། །
ཉམས་འགྱུར་སྟོང་ལྡན་བོད་ཡིག་གཟུགས་རིས་འདི། །
མི་ཉམས་གོང་ནས་གོང་དུ་འཕེལ་འགྱུར་ཅིག །