༄༅།། སེར་ཤུལ་རྫོང་འབའ་ག་ལྟེ་བའི་སློབ་ཆུང་གི་སློབ་མའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་བྱེད་སྒོ།
དཔྱིད་ཀྱི་དཔལ་མོའི་མཚར་སྡུག་གི་སྒེག་ཉམས་རང་རེའི་སློབ་གྲྭའི་ཁོར་ཡུག་ལ་མངོན་ཆུང་གིས་འཕྱོ་དུས།གདོང་ལ་འཛུམ་གྱིས་ཁེངས་ཤིང་སེམས་སུ་འགྲན་རྩོད་ཀྱིས་ཕྱུག་པའི་ན་ཆུང་སློབ་མ་དག་ལྷན་དུ་འཛོམས་ཤིང་།རྩལ་སྦྱོང་ར་བའི་གྲུ་བཞི་ནང་ནས་རང་རང་གི་ནུས་འཇོན་དང་ཁྱད་ཆོས་མངོན་པར་གསལ་བའི་སྙན་ངག་གྱེར་འདོན་འགྲན་སྡུར་གྱི་ལས་སུ་ཞུགས་པ་ཡིན།
“འགན་འཁྲི་བློ་ལ་བརྟན་པོར་ངེས་དགོས”ཞེས་པ་ལྟར་གཟའ་འཁོར་རེ་གཉིས་ཀྱི་དུས་ཡུན་ལ་འཛིན་གྲྭ་སོ་སོའི་བོད་ཡིག་དགེ་རྒན་དང་འཛིན་བདག་དག་གཙོ་རུ་བྱས་ནས་རང་གི་སློབ་མ་དག་ལ་མཛུབ་སྟོན་དང་བསླབ་བྱ་གནང་ནས་སྐབས་འདིའི་སྙན་ངག་གྱེར་འདོན་གྱི་ཕྱོགས་སུ་གྲྭ་སྒྲིག་བྱས་པ་ཡིན།
དཔྱད་འདེམ་པ་དགེ་རྒན་དག་གིས་སློབ་མའི་གྱེར་འདོན་ལ་ཞིབ་ཏུ་ཉན་ཞིང་བློ་གཟུ་བོའི་སྒོ་ནས་ཐོབ་སྐར་སྟེར་བཞིན་པ།
མེས་རྒྱལ་གྲགས་པ་འབར་བས་དབྱར་སྐྱེས་རྔ།།
ཀུན་ལ་བདེ་སྐྱིད་བསྐྲུན་པས་སྲིད་པའི་མིག།
ཉིན་བཞིན་གོང་དུ་འཕེལ་བས་ཡར་ངོའི་ཟླ།།
སྟོབས་འབྱོར་མངའ་ཐང་རྒྱས་པས་ཀླུ་ཡི་མཛོད༎
དབྱངས་གསལ་སོ་བཞི།
ངའི་རྣམ་ཤེས་ཀྱི་མཁའ་དབྱིངས་ལ་འོད་ཀྱིས་འཚེར་བྱུང་།
ངའི་བླ་སྲོག་གི་གཏིང་རིམ་ལ་དྲོད་ཀྱིས་གསལ་བྱུང་།
དབྱངས་གསལ་སོ་བཞི།
ང་ཡི་སེམས་ཀྱི་ཡོལ་གོར་རུ་བླགས་པའི་གསེར་གྱི་མར་ཁུ།
གློ་སྙིང་མཆིན་གསུམ་དུ་སྒྲོན་པའི་གསེར་གྱི་མར་མེ།
ངའི་ཕ་ཡུལ་དེའི་མིང་ལ།
བྱང་སྡེ་ཉི་མ་རྫ་ཆུ་ཁ་ཞེས་འབོད།
གནས་དེ་ན་ཟླ་བ་དཀར་པོའི་འཛུམ་མདངས་མཛེས་ལ།
ཉི་མ་སེར་པོའི་དྲོད་ཁོལ་ཡང་སྐྱིད།
ཨ་མ་ལགས། ཁྱེད་ནི་བདག་གི་སེམས་ཀྱི་ཉི་མ་ཡིན། ཁྱེད་ནི་ངའི་སྲོག་གི་ནོར་བུའང་ཡིན། ཁྱེད་མེད་ན་ངའམ་འཇིག་རྟེན་དུ་ཡོད་མི་སྲིད། ཁྱེད་ཀྱིས་ང་ཆུང་དུས་སུ་གཉོར་སྐྱོང་བྱེད་པ་དེ་ཅི་འདྲའི་དཀའ་བ་ལ། དྲིན་ཆེན་གྱི་ཨ་མ་ལགས་ང་རང་ཁྱེད་ལ་དགའ་ཞིང་དུང།
མཇུག་ཏུ་སློབ་མའི་སྙན་ངག་གྱེར་འདོན་བྱས་པར་དཔྱད་འདེམ་བྱས་ནས་མཐའ་མཇུག་གི་ཐོབ་སྐར་རེ་རེར་བཞིན་ཨང་རིམ་རབ་འབྲིང་དུ་དབྱེ་ནས། དེ་དག་ལ་སློབ་གྲྭའི་འགོ་ཁྲིད་རྣམས་ཀྱིས་བྱ་དགའི་གཟེངས་རྟགས་འབུལ་བ་ཡིན། བྱ་དགའ་ཐོབ་མཁན་ལ་དཔེ་བསྟོད་དང་སློབ་མ་གཞན་ལ་སྐུལ་སློང་བྱས་ནས་བྱེད་སྒོ་འདི་བདེ་བླག་ངང་མཇུག་སྒྲིལ་བ་ཡིན།