སྐྱིད་སྡུག་གང་ཡང་བློས་ཕར་བཏགས་ཙམ།

美友14085854
创建于08-19
阅读 231
收藏TA

需扫码在手机上打开
文章后点击更新提醒

སྐྱིད་ན་བློ་དང་སྡུག་ན་བློ།།  

བློ་དང་རིག་པས་མ་བསྟེན་ན།།

བྱ་བའི་ཆ་ལ་རྨོངས་བླུན་བས།།  

ལེགས་ཉེས་བླང་དོར་མགོ་ཡུ་འཁོར།།


དེ་རིང་ཁ་སང་མི་མང་པོ་ཞིག་སེམས་པ་དཀར་པོ་ཡིན་མདོག་བྱས་ནས་དོན་བཟང་ཚིག་སྐྱོན་གྱིས་དགའ་ས་གཅེས་སར་དེ་འདྲ་མ་བྱེད་མ་གཏོགས་གཞན་གྱིས་ཅི་བསམ་འགྲོའོ་ཞེས་སློབ་གསོ་བཏང་འདུག   ཚིག་སྐྱོན་འདིས་མི་ཅི་འདྲ་མང་པོ་ཞིག་རེ་དོགས་ཀྱི་རྦ་རླབས་ཇེ་མཐོ་རུ་གཡོ་ནས་རང་ཚུགས་ཀྱི་ས་བོན་ག་ཡོད་ཆ་མེད་དུ་ཡལ་བཅུག་སོང་། ཚིག་སྐྱོན་འདིས་མི་ཅི་འདྲ་མང་པོ་ཞིག་གཞན་དབང་གི་གཡང་ས་ནས་འགྱེལ་པར་ཡར་འཛེག་གི་གནས་ལུགས་རྟོགས་པའི་དཔལ་དང་སྟོབས་ཤུགས་ཉམས་བཅུག་སོང་། ཚིག་སྐྱོན་འདིས་མི་ཅི་འདྲ་མང་པོ་ཞིག་ཆོས་སྲིད་གཉིས་དང་མཐུན་པའི་འཚོ་ཐབས་བོར་ནས་དགེ་སྡིག་གི་བླང་དོར་འཆུགས་བཅུག་སོང་། ཚིག་སྐྱོན་འདིས་མི་ཅི་འདྲ་མང་པོ་ཞིག་གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་མིག་ལོང་གྱུར་ནས་ཁུངས་མེད་ལུང་མེད་ཀྱི་འཆལ་གཏམ་ཁྱབ་བསྒྲགས་བྱེད་བཅུག་འདུག  ལྟོས་དང་དེང་སང་མི་མང་པོ་ཞིག་གཞན་གྱིས་ཁུངས་མེད་འཆལ་གཏམ་ཅི་ཞིག་བཤད་ནའང་རྟོག་དཔྱད་ཀྱི་རྒྱ་མ་ལ་རེག་ཙམ་མི་བྱེད་པར་ཡིད་རྟོན་དང་རྒྱུན་སྤེལ་བྱེད་པ་མ་ཚད་ད་དུང་དེར་ཁ་གསབ་དང་སྒྲོ་སྐུར་གང་འདོད་འདོད་འདོགས་པ་ནི་ཡོན་ཏན་ལ་ངེས་སྟེ་འགྱིང་སྟབས་མངོན་ཚུལ་ལ་གཟིགས་དང་དེ་བྱིས་པའི་བློ་མ་རེད་དམ།  ཡང་སྐལ་བཟང་དུས་བཟང་དུ་མི་ཁ་ཤས་དམར་ཟས་སྤོངས་དགོས་དཀར་ཟས་སྤྱོད་དགོས་ཞེས་གཏན་འབེབས་བྱེད་དུས། ཡང་གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་བའི་ཆུ་སྣ་གར་ཁྲིད་ཅན་གྱི་བླུན་པོ་མི་ཚོགས་རིགས་གཅིག་གིས་གཏམ་གྱི་ཟབ་དོན་ལ་རྟོག་དཔྱད་གྱི་རལ་གྲི་གནམ་ལ་མ་འཕྱར་གོང་ནས་ཁྱིའི་ཁའི་ལྟར་ཁྱི་ཟུག་པའི་གཏམ་དཔེ་ནང་བཞིན་ག་འགྲོ་ས་ལ་ཁྱབ་སྤེལ་གྱི་བླུན་རྟགས་ཁྲ་ལམ་མེར་མཆེད་འདུག  མི་དེ་ཚོ་ལ་ཅིའི་ཕྱིར་ཞིབ་ཏུ་དྲིས་ཚེ་ལན་དུ་མི་གཞན་པས་དེ་ལྟར་ཟེར་རོ་མ་གཏོགས་རྟགས་དང་མཚན་མ་ཁུངས་དང་ལུང་གང་ཡང་སྟོན་རྒྱུ་མི་འདུག   དཔེ་དོན་ཅི་འདྲའི་འཐད་འདུག 

དམར་ཟས་ཤ་སྤོངས་དགོས་ཞེས་པ་སྟེ་རྣམ་གསུམ་དག་པའི་ཤ་དང་རྣམ་གསུམ་མ་དག་པའི་ཤ་ཞེས་རིགས་གཉིས་སུ་དབྱེ་འདུག མཐོང་ཐོས་དོགས་གསུམ་ལས་མ་འདས་པའི་ཤ་དེ་སྤོངས་དགོས་གཏན་ལ་འབེབས་པ་དེ་སྐད་མོད། ཡིན་ཡང་། རིགས་དེ་ཚོས་གཞུང་དང་བསྟན་བཅོས་སོགས་ལ་མཇའ་ཁ་ཐོབ་མ་མྱང་པ་མ་ཟད་རྣ་ལ་ཐོས་པ་ཙམ་ཡང་མེད་པའི་ཁྱི་རྒན་ཀུན་འབ་ལ་ལད་མོ་དང་མཚུངས་འདྲ། གཞུང་དང་བསྟན་བཅོས་སུ་ཕ་ཁུངས་གཞིར་བཟུང་སྟེ་སྨྲོས་ན་རི་རྒྱལ་ལྟ་བུའི་གནས་ལུགས་ཀྱི་རྒྱབ་རྟེན་མི་འགྱུར་རྡོ་རྗེ་ཡོད་པ་རེད། དེ་མིན་གནས་ལུགས་རྟོགས་པའི་ཤེས་རབ་དེ་བོར་བརླག་ཏུ་བཏང་ནས་ཤེས་མདོག་གོ་མདོག་བྱེད་པའི་འཆལ་གཏམ་ལ་ཡིད་རྟོན་བྱེད་ན་བླུན་པོའི་ཞྭ་ནག་གོན་རྒྱུ་ཤ་སྟག་རེད།དེ་དང་དེ་འདྲ་བའི་དོན་དག་མང་པོ་ཞིག་དེང་སང་སྤྱི་ཚོགས་ཐོག་ལ་ཁེངས་འདུག་པས་ང་ཚོ་བློ་དང་རིག་པ་ལ་བསྟེན་ནས་སྐྱིད་སྡུག་ལེགས་ཉེས་བླང་དོར་སོགས་འོ་ཆུ་འདྲེས་མ་སོ་སོར་དབྱེ་བ་འབྱེད་དགོས།


རང་ཚུགས་བརྟན་པོས་གནས་པ་ལ།།

གཞུང་དང་གནས་ལུགས་རྒྱབ་རྟེན་གྱིས།།

ཁྱི་རྒན་འབ་ཀྱི་རྗེ་འབྲང་སྟེ།།

ནམ་ཡང་མ་བྱེད་ཕ་བཟང་བུ།།

      

                                                 རང་ཚུགས།

                                             2024-8-19




阅读 231
文章由 美篇工作版 编辑制作
投诉