ངས་རི་མོ་ཞིག་བྲིས།
མཐའ་ཡས་པའི་ནམ་མཁའ་ཞིག་བྲིས།
སྤྲིན་པ་དང་སྐར་ཚོགས་མགུལ་རྒྱན་དུ་བྱས་ཡོད་པ་ཞིག་བྲིས།
ངས་རི་མོ་ཞིག་བྲིས།
བརྗིད་ཆགས་པའི་གངས་རི་ཞིག་བྲིས།
སེང་ཕྲུག་དང་གཡུ་རལ་གྱི་མཛེས་པ་ཕྲག་ལ་བསྣམས་ཡོད་པ་ཞིག་བྲིས།
ངས་རི་མོ་ཞིག་བྲིས།
དབྱངས་གསལ་གྱི་ང་རོ་ཞིག་བྲིས།
ན་གཞོན་ཚོའི་མགྲིན་པའི་གུར་ཁང་འགག་མེད་པ་ཞིག་བྲིས།
༢༠༢༤/༧/༡༧ཉིན་རྫ་དུང་ཟླའམ་དུད་སར་ཚེ་དབང་ལྷ་དར་ནས
བར་ཐག
འབྲེལ་བ་ཞིག་ཡོད་ཡོད་འདྲ་བའི་བར་ཐག་དེ
བརྗེད་ངེས་ཀྱིས་ངོ་མ་ཤེས་པ་ལྟར
ཅི་འདྲའི་ཕལ་བ་ཞིག
འབྲེལ་བ་ཞིག་མེད་མེད་བསམས་ནའང
འཚོ་བའི་ནང་གི་ཆུ་དང་འདྲ་བར
སྣང་འཇོག་ཅི་ཡང་མ་ཤོར་བས
ཁྱོད་རང་བརྗེད་ལ་ཉེ་བ
སུ་དང་གང་གིས་མ་ལན
ལས་ལ་བསྐོས་པ་རང་རེད
སྙན་ངག་པས
ཡིད་ཀྱི་གསང་གཏམ་དང་སེམས་ཀྱི་སྡུག་བསྔལ་དག་
མིག་ཆུ་དང་ལྷན་དུ་དཀར་གཙང་གི་ཤོག་ངོས་ལ་བྲིས
སྙན་ངག་པས
ལོ་རྒྱུས་དང་དུས་རབ་ལ་རྗེས་སྙེགས་བཞིན
འདས་མ་ད་གསུམ་གྱི་དགའ་སྐྱོ་དག་ཡིག་ངོས་སུ་བཀོད་
སྙན་ངག་པས
འཁོར་བའི་འཇིག་རྟེན་ལ་ཞེན་པ་ལོག་ཏེ
དབེན་པའི་གནས་མཆོག་ཞིག་ཏུ་འགྲོ་མགོ་བརྩམས
སྙན་ངག་པས
ཐོ་རེངས་སྐར་ཆེན་ལྟར་བུས་མིག་ཟུང་གི་ཁྲོད་ནས
ལོ་རྒྱུས་ཀྱི་གསུང་རབས་དག་གསལ་ངེར་མཐོང
སྙན་ངག་པས
གསར་གཏོད་ཀྱི་སྙིང་སྟོབས་ལ་ཞེན་ཆགས་སྟེ
མདུན་བསྐྱོད་ཀྱི་གཤོག་པ་བརྐྱངས་ནས
རྒྱུ་སྐར་གྱི་ལམ་དུ་འཕུར་གྲབས་བྱེད་
སྙན་ངག་པས་
མུན་ནག་གི་གྲུ་ཟུར་ཞིག་ནས
མང་པོ་ཞིག་རྟོག་བཟོ་དང་རྟེན་བཞེངས་བྱེད་པས
སྐྱ་རེངས་ཀྱི་ཐུན་མཚམས་ནས་གྲིབ་གཟུགས་རྙེད
སྟོན་ཁ།
དྲན་པའི་ངལ་བས་དུབ་པའི་སྨུག་པ་བགྲེས་སོང་ཞིག
བརྗིད་ཅིང་རྔམ་པའི་ལྷུན་པོ་དང་མ་འདྲེས་པར
བདག་སེམས་ཀྱི་མཚོ་མོ་རུ་ལྷུང་ཏེ
བདག་གི་ཡོད་ཚད་སྐྱ་ཡོར་ཡོར་དུ་བསྒྱུར
ཁྱེད་དང་བར་ཐག་མི་རིང་བའི་ས་མཚམས་ཤིག་ནས
གྲང་བས་ཟིན་པའི་བསིལ་རླུང་གིས
ཁྱེད་ཀྱི་གྲིབ་གཟུགས་འཚོལ་གྱིན
སྟོན་ཁའི་ལོ་མ་སེར་པོ་དལ་གྱི་བདས
སྟོན་ཁའི་ལོ་འདབ་འདི་ཁྱེད་ཀྱི་ཞེན་འདང་མིན་ན
སྨུག་པ་དེ་ཡང་བདག་གི་དྲན་གདུང་མིན་ན
འུ་གཉིས་ཀྱང་ངོ་མི་ཤེས་པ་འདྲ
ངོ་ཤེས་ཀྱང་བྱིས་དུས་ཀྱི་མི་ཚེ་མ་བོར་བར་ངེས
དེ་ཚོ་ནི་རྨི་ལམ་ཏེ
གཟུགས་ཤུན་མེད་ཅིང་འཇུག་ཡུལ་མེད་པའི་སྒྱུ་མ་ཞིག