སྙན་ངག་པ་དང་རྩྭ་ཐང་།
སྙན་ངག་པ་རྩྭ་ཐང་དུ་འབྱོར་དུས།
མཁའ་དབྱིངས་སུ་ཁྱབ་པའི།
རྒྱ་གླིང་གི་གདངས།
རྟ་མཆོག་གི་རྨིག་སྒྲ།
ལུག་གི་འབའ་སྒྲ་སོགས།
སྒྲ་འཛིན་བུ་གར་དལ་གྱིས་འཛུལ་བས།
ངོ་མཚར་རབ་ཏུ་སྐྱེས།
ཡིད་སྨོན་དབང་མེད་ཤོར།
ལུས་ཀྱིས་བསྟི་སྟངས་བྱེད།
དྲི་བཞོན་བུ་མོའི་རམ་འདེགས་ལ་བརྟེན་ནས།
མེ་ཏོག་རྣམས་ལྡེམ་ལྡེམ་གར་དུ་རྩེན།
འཇའ་ཚོན་གྱི་མཛེས་པ་བསླུ་བའི་མེ་ཏོག
ནམ་མཁའི་སྐར་ཚོགས་ལ་འགྲན་པའི་མེ་ཏོག
ལྡེམ་ལྡེམ་གཡོ་བཞིན་སྙན་ངག་པར་བསུ་བ་བྱེད།
སྐབས་རེར་སྙན་ངག་པར་མགོ་བོ་སྒུར་ནས་གུས་ཕྱག་འཚལ།
ལན་རེར་སྙན་ངག་པར་ཡིད་དུ་འོང་བའི་རྣམ་འགྱུར་སྟོན།
…
ཁ་བྱང་མེད་པའི་ཤོ་ལོ་ཀ
རྫ་དུང་ཟླ
སློབ་གྲྭར་འགྲོ་བའི་བོད་ཕྲུག་དར་མ། །
རང་སྐད་གཙང་མ་མི་དགོས་མ་གསུང་། །
སྐྲ་དཀར་མ་ལོས་གཞན་སྐད་མི་ཤེས། །
མ་བུའི་ཕན་ཚུན་སྐད་ལན་ཆད་འགྲོ། །
ཕ་སྐད་དྭངས་བསིལ་རྫ་ཆབ་སྔོན་མོ་ཡིན། །
མ་ཡིག་རིན་བྲལ་མུན་འཇོམས་སྒྲོན་མེ་ཡིན། །
བརྡ་དང་ཐ་སྙད་སྐད་དང་ཡི་གེ་དག །
ང་ཚོའི་སྲོག་རྩ་ཡིན་ནོ་མིང་སྲིང་ཚོ། །
སྐད་བརྒྱ་ཤེས་ཀྱང་མང་བའི་སྐྱོན་མེད་ཀྱང་། །
ཕ་མས་བསླབས་པའི་རང་སྐད་དོར་བ་དེ། །
མ་འོངས་རིགས་ཀྱི་སྲོག་རྩ་ཕྲ་མོ་དེ། །
ཆད་པའི་སྔ་ལྟས་ཡིན་པར་སྥུན་ཟླ་ཚོ། །
རིགས་ཀྱི་སྲོག་ནི་སྐད་དང་ཡི་གེར་བརྟེན།།
སྐད་དང་ཡི་གེ་བུ་དང་བུ་མོར་བརྟེན།།
བུ་དང་བུ་མོ་ཕ་མ་དགེ་རྒན་བརྟེན།།
རྟེན་དང་རྟེན་པའི་འབྲེལ་བ་ཆད་གྱུར་ན།།
སྐད་ཡིག་ཉམས་པར་འགྱུར་རོ་གཅེས་ཕྲུག་ཚོ།།
སེམས་ཀྱི་མི།
ཁྱོད་དྲན་ཐེངས་རེ་ལ་སྙན་ངག་རེ།།
ཁྱོད་བསམ་ཐེངས་རེ་ལ་ཉིན་ཐོ་རེ།།
རྒྱུས་མེད་བུ་མོ་ཞིག་གི་ཟུར་མིག་གི་མདའ་མོ།།
ཆ་མེད་འཛུམ་མདངས་ཤིག་དང་ང་རང་ལ་ཕོག་ཀྱང །
ཡ་ཁོག་གངས་དཀར་སེམས་སུ་ཁྱོད་རང་ལས་མེད་པས།།
འགྲོགས་འདོད་ཀྱི་ཟེར་བ་སྐད་གཅིག་ཡང་མ་མཆིས།།
ད་དུང་ཁྱོད་རང་དྲན་པའི་བཟི་ཁ་དེ་བསླངས་བས།།
དྲན་པ་དྲན་པའི་ཁྲོད་ནས་མིག་ཆུ་ཡང་ཤོར་སོང་།།
____རྫ་དུང་ཟླ།🕶️
གདོང་མ་བོད་པའི་ཁྱད་ཆོས།
སློབ་གྲྭར་འགྲིམ་པའི་སློབ་མ་རྣམས།།
བསད་ཀྱང་བོད་ཡིག་མི་གཏོང་བ།།
ངལ་དུབ་བསུས་པ་མ་ཡིན་ཏེ།།
དོན་གཉེར་ཅན་གྱི་ཁྱད་ཆོས་ཡིན།།
ཡོན་ཏན་ཅན་གྱི་སློབ་དཔོན་དེས།།
བསད་ཀྱང་སློབ་ཁྲིད་མི་གཏོང་བ།།
ཁ་ལྕེ་ངོམ་པ་མ་ཡིན་ཏེ།།
དགེ་རྒན་བཟང་བོའི་ཁྱད་ཆོས་ཡིན།།
རྩྭ་ཐང་ཡངས་པའི་འབྲོག་པ་རྣམས།།
འཁྱག་ཀྱང་གངས་རིར་མི་འབྲལ་བ།།
འགྲོ་ས་མེད་པ་མ་ཡིན་ཏེ།།
ཕྱུགས་ཀྱི་བདག་པོའི་ཁྱད་ཆོས་ཡིན།།
པོ་ཏ་ལ།
དབྱངས་ཀྱི་བཞུར་བའི་དུས་ཀྱི་ཁ་ཆུ།
སེམས་པ་ཚིག་པའི་ཚོར་བའི་མེ་ཕུང་།
དྲན་པ་བརླན་པའི་ཡིད་ཀྱི་གཙང་བོ།
ས་ཆེན་པོའི་ལྟེ་བ་རུ་ཀྲོང་ངེར་འགྱིང་དུས།
མེས་པོ་གོང་མ་ཚོའི་སྙིང་སྟོབས་དང་རྔུལ་ཆུ་དྲན་འོང་ལ།
ལོ་རྒྱུས་ཤིག་གི་ཆགས་འཇིག་དང་རྒྱུད་རིམ་མཐོང་འོང་།
པོ་ཏ་ལ།
ཉི་ཟེར་མཚོ་རུ་ཕོག་པའི་འོད་ཀྱི་དྭངས་མ།
ཡིད་ངོགས་སུ་འཚེར་བའི་མཛེས་སྡུག་གི་ཕོ་བྲང་།
བྱང་ཕྱོགས་ཤམ་བྷ་ལའི་རྡུལ་མཚལ།
བྱིས་དུས་རྨི་ལམ་ལས་མཇལ་ཞིང་།
གཞོན་དུས་ཤ་གསེང་རུས་གསེང་དུ་ཐིམ་པའི་ལོ་རྒྱུས་ཀྱི་རྡོ་རིང་།
པོ་ཏ་ལ།
ངའི་དྲན་འཛིན་གྱི་ཡུལ་དུ་བཞེངས་པའི་ཕོ་བྲང་།
ཡིད་ཀྱི་ཟབ་ས་རུ་སྦས་པའི་མཆོད་མེ་རྐང་གཅིག
འགལ་འདུ་སྣ་ཚོགས་ཀྱི་འགྱུར་བག་ཇི་ལྟར་རྒོད་ཀྱང་།
ལོ་ཟླ་གྲངས་མེད་ཀྱི་ཁ་དོག་ཇི་ཙམ་བརྗེས་རུང་།
ཁྱོད་ཉིད་སྔར་བཞིན་རྟག་བརྟན་དུ་གནས་དགོས་ཨང་།
༢༠༢༣.༡.༤ཉིན་དབུས་ཉི་མ་ལྷ་ས་ནས།
སྟོན་རླུང་ནགས་ལ་རྒྱུ་བའི་རྗེས་ཤུལ་ལ།།
ལོ་མ་སེར་པོའི་རང་མདངས་གསལ་ལེར་ངེས།།
རི་འདབས་ཁ་བས་གཡོག་པའི་དུས་ཚིགས་སུ།།
སྟར་འཕྲེང་ལྷོ་རུ་ཕྱོགས་པའི་ཁྲུང་ཁྱུ་འཕུར།།
སྙན་ཚིག་རྡོག་གཅིག་མགྲིན་པའི་གུར་ལ་འཕྱོ།།
གྲང་འཁྱག་བ་མོ་ཉིན་རེར་ལྡང་བའི་སྐབས།།
དྭངས་བསིལ་ཆབ་ཀྱིས་བྲན་ཞིང་དྲོད་ཟེར་གྱིས།།
གསོས་པའི་མེ་ཏོག་འདི་ག་སེམས་ཀྱི་བཅུད།།
༢༠༢༣/༡༠/༢༦ཉིན།
རྫ་དུང་ཟླ་ནས 🌃