ཨ་མ་དྲན་པའི་ལེ་ཚན།
འཇའ་ནེའུ་ཆུང་།༼ཡུལ་ཤུལ།༽
ངུ་སྐད་ཐོག་མ་ཨ་མའི་སྙིང་ལ་བརྐོས།།
འཛུམ་མདངས་ཐོག་མ་ཨ་མའི་པང་ན་བཞད།།
དགོད་སྒྲ་ཐོག་མ་ཨ་མའི་སྤྱན་ན་བཞད།།
ཐོག་མའི་གཟུགས་གཞི་ཨ་མའི་སྲོག་གིས་གྲུབ།།
ངག་གི་དབྱངས་ཡིག་ཨ་མའི་མཚན་ལས་འབྱོར།།
རུས་ཀྱི་རྒྱུད་པ་ཨ་མའི་གཟུགས་ལས་མཆེད།།
སྤྱོད་པའི་གཤིས་འཇམ་ཨ་མའི་མདངས་ལས་འབྱུང་།།
ཨ་མ་ལོ་ལོ་རིག་པའི་དཔའ་མོ་ཉིད།།
ཟས་ཀྱི་བྲོ་བ་ཨ་མའི་ལག་ནས་སྐྱེས།།
གོས་ཀྱི་དྲོད་ཁོལ་ཨ་མའི་རུམ་ནས་ཐོན།།
རིག་པའི་བུ་མོ་ཨ་མའི་བསླབ་ལས་བརྡོལ།།
སྐྱིད་པའི་གཞིས་ཁྱིམ་ཨ་མའི་ཡོད་ཚད་ཉིད།།
ཨ་མའི་འཛུམ་མདངས་ལོ་ཟླའི་གཉེར་མས་བཀབ།།
ཨ་མའི་ལང་ཚོ་ཞོགས་པའི་སད་ཀྱིས་བཅོམ།།
ཨ་མའི་མི་ཚེ་བྱིས་པའི་ལང་ཚོས་རྫོགས།།
གྱོང་འཁེལ་རི་རབས་ཨ་མ་ལོ་ལོས་ཉོས།།
དྲན་པའི་ན་ཟུག་ཨ་མའི་ཕྱོགས་སུ་གཏོར།།
གདུང་བའི་མནར་གཅོད་ཨ་མའི་ཕྱོགས་སུ་བཅོལ།།
ཆུ་ཐིགས་ཙམ་གྱི་ཚིག་གྲུབ་འདི་དག་སྟེ།།
བུ་མོས་ཨ་མ་དྲན་པའི་ལེ་ཚན་ཉིད།།
སྙན་ངག་ལ་འཇུས་པའི་སྙན་ངག
འཇའ་ནེའུ་ཆུང་།༼ཡུལ་ཤུལ།༽
སྙན་ངག་ལ་འཇུས་པའི་མཚན་དེར།
ནམ་ཟླ་ཧ་ཅང་འཁྱག་ཅིང་།
རྨི་ལམ་གྱི་འཇབ་འོག་ནས་འུར་ཟིང་དཀྲོལ།
ཁྱེད་ཉིད་ནི་སྐབས་དེའི་ཚོར་བ་ཡིན་ཞིང་།
སེམས་པ་དྲོད་དུ་བཅར་བའི་སྙིང་ཉེ་དེའང་ཡིན།
ངས་ཁྱོད་ཀྱི་མིག་ཟུང་ཅེར་བཞིན།
སྙན་ངག་གི་བྲོ་བ་བཙལ།
ཁྱོད་ནི་མེ་རིའི་ཕང་བོ་བཞིན།
ཚར་འུར་འུར་གྱི་མེ་ཐིག་རེ་རེས།
ངའི་ཤ་པག་སྲེག
ངའི་རྣམ་ཤེས་བཅོམ།
རང་གཤིས་ཀྱི་སྙན་ངག་གསོན་པོ་སྟེ།
མིང་མེད་ཀྱི་ཁྱོད།
སྐར་མར་ལག་བརྩི་བྱེད་པའི་མཚན་གཞུང་རེར།
ཁྱོད་ཀྱིས་སྙན་ངག་གཅེས་སུ་རུམ་བཞིན།
མཛུབ་མོའི་རྩེ་ན་གཏོར།
ནམ་མཁའ་ཧྲུལ་བོར།
སྙན་ངག་གི་གཟུགས་རིས་སྤུད།
སྙན་ངག་ལ་འཇུས་པའི་ཁྱོད།
ཁྱོད་ལ་ཅེར་བའི་ང་།
ཞེ་ལ་མཐུན་པའི་མནའ།
འཇའ་ནེའུ་ཆུང་།༼ཡུལ་ཤུལ།༽
སྤྲིན་ལ་འགྲན་པའི་ཆག་རོམ་གྱི་ཟླ་བས
སྤྱན་མིག་གི་མདའ་མོ་འཕེན
གྲང་ཟུག་གིས་མནར་ཡང་
ན་ཟླའི་ཞེ་སུ་བརྩེ་མགོའི་མེ་ཏོག་བཞད།
ཆག་ཏུ་རུམ་པའི་དོ་ནུབ
ཟླ་འོད་རིབ་པའི་དོ་ནུབ
བརྩེ་མགུལ་གྱི་ཕྲེང་ཐག་སྦྲེལ
ཡང་ན་ཞེ་ལ་མཐུན་པའི་མནའ་ཞིག་བསྐྱལ།
༢༠༢༤.༣.༡༩
མེ་ཏོག་གཞན་ཞིག
འཇའ་ནེའུ་ཆུང་།༼ཡུལ་ཤུལ༽
བྱིས་དུས།
ཨ་ཕའི་སྒྲ་སྡུད་འཕྲུལ་ཆས་ནང་།
མེ་ཏོག་མང་བོ་བཞད་ཡོད་ཅིང་།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་།
ཨ་མདོའི་གསར་འགྱུར་སྙན་སྒྲོན།
ཨ་མདོའི་རྡུང་ལེན་སྤྲོ་ཚོགས།
ད་དུང་ངས་མི་གསལ་བའི་"འཁྲབ་ཁྲིད་པ་པད་མ་ཚེ་བརྟན"སོགས།
ཁ་བ་འབབ་ཚིགས་ཤིག་གི་མནར་ནས།
ཨ་ཕ་མི་ཡུལ་དང་བྲལ་རྗེས།
སྒྲ་སྡུད་འཕྲུལ་ཆས་ནང་གི་མེ་ཏོག་དག་བཅོམ་པར་བཞིན།
འཇིག་རྟེན་ལས་གྱེས།
སྙན་ངག་རུམ་པའི་མེ་མུར་ཞིག
ལུག་རྫི་"ཐར་ལོའི"སྣང་བརྙན་མངོན་དུས།
ཨ་ཕའི་སྒྲ་སྡུད་འཕྲུལ་ཆས་དྲན་ཡོང་ལ།
སྒྲ་སྡུད་འཕྲུལ་ཆས་ནང་གི་མེ་ཏོག་དག་དྲན་ཡོང་།
"འཁྲབ་ཁྲིད་པ་པད་མ་ཚེ་བརྟན་"དེའང་གསལ་ཡོང་།
སྒྲུང་གཏམ་དང་གློག་བརྙན་མང་བོ་ཞིག
རྒྱན་སྤྲས་བྱས་པའི་ཕྲེང་བ་བཞིན།
མི་མང་བོ་ཞིག་གིས་བསྐྱར་བཟློ་བྱེད་ཀྱིན་འདུག
ད་དུང་མེ་ཏོག་གཞན་ཞིག་ཀྱང་མངོན་འདུག
ལོ་ཟླའི་དབུགས་སུ་ཡལ་བའི་ན་ནིང་གི་དབྱར་ཁ།
ཆར་ཆའི་རུམ་དུ་མེ་ཏོག་མང་བོ་བཞད།
ཉི་མ་ལྷ་སའང་དེ་བཞིན།
ཡིད་སྐྱོ་བ་ཞིག་སྟེ་མེ་ཏོག་གཞན་ཞིག་སྐོམ་པར་གྱུར།
དབྱར་ཟླ་ལྔ་བའི་ཚེས་བརྒྱད་དེ།
ང་མ་གཞིར་མི་ཡུལ་དུ་སླེབས་ཉིན་ཡིན།
ཉི་དགའ་མེ་ཏོག་དང་རྒྱ་སེ་མེ་ཏོག
ཡང་ན་མེ་ཏོག་གཞན་ཞིག་ལེན་ཉིན་ཡིན།
ན་ནིང་དམིགས་བསལ་ཡིན་པས།
མེ་ཏོག་གཞན་ཞིག་ཀྱང་བཅོམ་དྲགས་སོང་།
ད་ལོའི་དབྱར་ཁར་བྱས་རྗེས་དང་སྒྲུང་གཏམ།
ཡང་ན་གློག་བརྙན་སོགས་མི་གླེང་།
མཚོ་ལྷོའི་མེ་ཏོག་གཞན་ཞིག་གླེང་།
མེ་ཏོག་དེའི་ཆེད་དུ་མར་མེ་རེ་རང་སྲོག་སྦར་བ་འཇུག
༢༠༢༤-༥-༨
ཞོགས་པ་ཞིག་ལ་སྙན་ངག་འབྲི་ཚུལ།
འཇའ་ནེའུ་ཆུང་།༼ཡུལ་ཤུལ།༽
ཧབ་ཆ་ཞིག་གིས་ཞོགས་པ་གཉིད་ལས་སད།
ཞོགས་པའི་མཁའ་ལ་འཛེར་བའི་ཉི་མ་གོར་གོར་ཏེ།
ལྷོད་གཡེང་གིས་བྱམས་པའི་གཟའ་སྤེན་པ་དེའང་།
འོ་ཇ་དཀར་ཡོལ་གང་ལྡུག
འོ་ཇའི་ནང་ན་ཁ་སང་གི་རྨི་ལམ་ཤར།
རྨི་ལམ་དེའི་ནང་ན་བུད་མེད་གཅིག་ཤར།
བུད་མེད་དེས་ཁྱིམ་ལས་བྱེད་ཀྱིན།
བྱིས་པ་གཉོར་སྐྱོང་བྱེད།
ཐབ་ཚང་དང་འགྲོགས་ནས་འཚོ་བའི་གཡོག་ཏུ་གྱུར།
མ་རེད། དེ་བུད་མེད་མ་རེད།
ང་རང་ཉིད་རེད།
ད་དུང་སྙན་ངག་འབྲི་བཞིན་པའི་ང་རང་ཉིད་རེད།
གལ་ཏེ་ང་སྙན་ངག་དང་བྲལ་ཚེ།
ཞོགས་པའི་འོ་ཇ་འཐུང་ཁོམ་མེད་ལ།
རྨི་ལམ་རེ་གཉིས་ཀྱང་རྨིས་ཁོམ་མེད།
ད་དུང་རང་ཉིད་བུད་མེད་ཁྱིམ་ལས་ཤིག་ལ་སེམས་ཁོམ་མེད།
དེ་བས།
ང་ཞོགས་པའི་རྩེ་མོར་འཇུས་ཏེ་སྙན་ངག་དང་འགྲོགས་དགོས།
ཐ་སྙད་རབ་རིབ་དག
འཇའ་ནེའུ་ཆུང་།༼ཡུལ་ཤུལ།༽
གཏེར་ལེན་ཁའི་ཉི་འོད་འཆར་ཚུལ་ལ་ཅེར་ན།
ཕ་ཡུལ་གྱི་རི་བོ་དེ་དྲན་ཡོང་ཞིང་།
རི་བོའིརྩེ་ན་འཛེར་བའི་ཉི་མ་གོར་གོར་དེའང་།
གཏེར་ལེན་ཁའི་དགུན་གྱི་དབུགས་འབྱིན་ལ་ཚོར་ན།
ཕ་ཡུལ་གྱི་དགུན་གྱི་དགུན་དེ་མཐོང་ཡོང་ཞིང་།
དགུན་གྱི་གཟུགས་སུ་རུམ་པའི་ཁ་བའི་འདབ་མའང་།
གཏེར་ལེན་ཁའི་ལུག་ཁྱུའི་བྱེ་ཐང་ལ་བལྟས་ན།
ཕ་ཡུལ་གྱི་རྩྭ་ཐང་དེ་མངོན་ཡོང་ཞིང་།
རྩྭ་ཐང་གི་འཛུམ་ན་བཞད་པའི་མེ་ཏོག་དང་།
རྩྭ་ཐང་གི་ཁུག་ནས་བཞུར་བའི་ཆུ་བོའང་།
གཏེར་ལེན་ཁའི་རྒྱབ་རིས་མ་མནོན་ཞིང་།
གཙང་བོས་ཀྱང་མ་བཀྲུས་ཏེ།
ཕ་ཡུལ་གྱི་རི་བོ་དང་ཆུ་བོ།
རྩྭ་ཐང་དང་མེ་ཏོག
ད་དུང་ཐ་སྙད་རབ་རིབ་དག