དཔྱིད་དཔལ་བསུ་བའི་སྨོན་འདུན།

创建于02-06
阅读 1471
收藏TA

需扫码在手机上打开
文章后点击更新提醒

——རོང་པོ༜འཕྲིན་ལས།

ཨོ་བདེ་ལེགས་སུ་གྱུར་ཅིག།

༡.ཚོགས་བསགས་སྒྲིབ་སྦྱོང་དགེ་བ་ལེགས་ལྡན་ཡང་དག་ཆོས་འཁོར་སྐོར།། 

ཕྱིན་དྲུག་སར་ཕྱིན་འདུ་བའི་ལུང་རྟོགས་ས་བཅུའི་གནས་ལ་བརྩོན།།

སངས་རྒྱས་གོ་འཕང་མངའ་བརྙེས་ཤཀྱའི་རིགས་རྒྱུད་དམ་པའི་མཆོག། 

རྐང་གཉིས་གཙོ་གྱུར་ཟས་གཙང་སྲས་སུ་བལྟམས་པ་ཁྱེད་ལ་འདུད།།

༢.སྲིད་པའི་རྩེ་མོར་ཀེ་ལ་ཤ་ཡིས་མུ་ཁྱུད་བརྗིད་ཆགས་ལྡན།། 

བློ་མཛངས་དཔལ་རྟུལ་གདོད་མའི་རིགས་གཙང་བྲེ་སེ་འབྲོང་གི་ཡུལ།།

བྱམས་ལྡན་གོམས་གཤིས་རྣམ་དཔྱོད་བློ་གྲོས་ནམ་མཁའི་མཁའ་ལྟར་ཡངས།། 

བཙན་པོ་གདོང་དམར་གངས་ཡུལ་བོད་པ་གནས་གཙང་ཡང་དག་ལགས།།

༣.ལོངས་སྤྱོད་རྫོགས་ལྡན་དཔལ་གྱིས་དགའ་བདེ་སྐྱིད་འཛོམས་ཞིང་།།

འདོད་དགུ་གཡང་ཟས་དྲི་ཞིམ་སྦྲ་ཁྱིམ་བག་བྲོ་ལྡན།།

ལོ་རྙིང་རྫོགས་མཐའ་གསར་པ་བསུ་སྟོན་སྟ་གོན་བྲེལ།།

རྟགས་དང་རྟེན་འབྲེལ་འགྲིག་པའི་ཤིས་སྨོན་ཁ་གཡང་འབོད།།

༤.ནག་ཕྱོགས་བདུད་འདུལ་དཀར་ཕྱོགས་འཕྲིན་ལས་ཕྱོགས་ཀུན་ཁྱབ།།

ལྟས་ངན་མཐའ་སྐྲོད་མཐུ་ནག་རབ་འཇོམས་དཔལ་སྟོབས་རྒྱས།།

འགྲོ་ཀུན་མ་ལུས་སྐྱོབས་མཛད་འགེག་རིགས་ཀུན་ཟློག་པའི།།

གདུགས་དཀར་གསེར་གྱི་ཡུ་ཅན་དེང་འདིར་བདེ་ལེགས་ཤོག།

༥.བདུད་བཞི་བཅོམ་ཞིང་ཡོན་ཏན་མཆོག་མངའ་དཔལ་ཉམས་ལྡན།།

འགྲོ་བ་རིགས་དྲུག་ཡང་དག་ལམ་མཆོག་སྩོལ་མཁས་པའི།།

ཤམ་བུ་དགུ་བརྩེགས་མི་མཐུན་ཕྱོགས་ལས་རྣམ་པ་རྒྱལ།།

འགྲན་ཟླ་བླ་མེད་བཀྲ་ཤིས་རྒྱལ་མཚན་གནས་འདིར་སྒྲེངས།།

༦.རང་འཁོར་ཕྱོགས་ལས་རྣམ་རྒྱལ་བསོད་ནམས་ཞིང་གི་མཆོག།

རྣམ་དག་རྩིབས་བརྒྱད་བདག་མེད་རང་བཞིན་དག་པའི་འཁོར།།

གདུལ་བྱའི་དོན་དུ་ཆོས་འཁོར་རིམ་སྐོར་མགོན་སྐྱབས་མཆོག།

འཁོར་ལོ་རིན་ཆེན་སྲིད་གསུམ་གྲགས་འབར་བརྟན་གྱུར་ཅིག །

༧.དུང་དཀར་གཡས་སུ་འཁྱིལ་བའི་བཀྲ་ཤིས་ཆོས་དུང་ལེགས་ཚོགས་འདུས།།

མ་རིགས་རྨོངས་བརྟུལ་མུ་སྟེགས་ཕས་རྒོལ་བསྟན་པ་འཕེལ་བའི་སྟོབས།།

སྟོང་ཉིད་རྟོགས་པའི་བློ་སྤོབས་རབ་རྒྱས་ནམ་མཁའི་ངོ་བོ་གཤིས།།

ཆོས་ཀྱི་སྒྲ་དབྱངས་འཛམ་གླིང་ཞི་བདེ་ཕན་འབྲས་སྲིད་ན་དཀོན།།

༨.བརྩེ་བ་རྟག་བརྟན་འཆམ་མཐུན་མེ་ཟླུམ་རབ་འབར་བའི།།

ཟེར་འབུམ་སྟོང་གིས་འགྲོ་དྲུག་ཡིད་སེམས་གསོ་བའི་དཔལ།།

ནོར་བུ་དགའ་འཁྱིལ་ཐུགས་ཟེར་རྨོངས་བཅོམ་རིག་ལམ་གསལ།།

དཔལ་བེའུ་རིས་བཀྲ་ལྔ་ཟུང་རིག་པ་མཐའ་ཕྱིན་རྟོགས།།

༩.གསེར་ཉ་ཁ་སྤྲད་མཛའ་མཐུན་མེ་ཏོག་རྣམ་མང་བཞད།།

རྨོངས་མུན་ཀུན་འཇོམས་རིན་ཆེན་གསེར་གྱི་སྤྱན་མངའ་ཞིང་།།

རིག་ལམ་ཕྲ་རགས་དབྱེ་འབྱེད་བློ་རིག་དཔྱད་ནུས་པའི།།

ཡེ་ཤེས་མཁའ་མཐའ་འཕགས་པའི་རྣམ་དཔྱོད་དཔལ་འདི་རྨད།།

༡༠.འཆི་མེད་བདུད་རྩི་གདུལ་བྱའི་བློ་གྲོས་ཡིད་སེམས་ཚིམས་སྦྱིན་དཔལ།།

ནོར་བུ་གཙུག་རྒྱན་སྐྱབས་གནས་དམ་པའི་ལྷ་ཆོས་མཆོད་པ་མཆོག།

མགྲིན་པའི་བུམ་བཟང་བཅུད་ལྡན་ལེགས་ཚོགས་ཆོས་རྒྱུན་རྟག་བརྟན་པའི།།

འདོད་དགུའི་ལོངས་སྤྱོད་འབད་མེད་དངོས་གྲུབ་གནས་འདིར་དགེ་ལེགས་བསྩོལ།།

༡༡.འདམ་རྫབ་རྐྱེན་གྱིས་མ་གོས་ཟག་མེད་ལོ་འདབ་ལྷུག་པོར་གྲོལ།།

རིག་པའི་ཟེའུ་འབྲུ་འདབ་སྟོང་ཁྲོད་ནས་ལང་ཚོའི་གེ་སར་འཛུམ།།

ལྗགས་འདབ་རླབས་གཡོས་འཛད་མེད་ཤེས་རིག་བདུད་རྩི་འབྱུང་བའི་གཏེར།།

སྲིད་གསུམ་ཡིད་ཀྱི་པད་མོ་ལོ་འདབ་རྒྱས་པའི་དགེ་མཚན་གནས་འདིར་བརྒྱན།།

གཡུ་འབྲུག་སྔོན་མོ་འཕུར་ལྡིང་གར་གྱིས་ཆར་ཆུ་སྙོམས་པར་རྟེན།།

ཞིང་ས་བཅུད་འཛོམས་ལྗང་མདོག་ཞིང་གི་གཡུ་ཡི་མཎྜ་མཛེས།།

སྣ་མང་མེ་ཏོག་དྲི་ཞིམ་བཀའ་སྲུང་ཆོས་སྐྱོང་མཆོད་འདྲ་འཐུལ།།

ལོ་ཡག་མུ་ཡི་མཛེས་ཆོས་ཁ་བའི་ཡུལ་ལ་འཁྲུངས་པ་མཚར།།།


བདེ་འབྱུང་བགེགས་བྲལ་འདོད་དོན་ཀུན་འགྲུབ་ཅིང་།།

རྒྱལ་བའི་བཀའ་བསྟན་དམ་པའི་སྐྱབས་མཛོད་པའི།།

བྱང་ཆུབ་སྙིང་རྗེའི་འགྲོ་བ་དཔལ་གྱི་དགྱེས།།

བསླུ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག།


ཟི་ཁྲོན་ཀུང་ཡོན་སློབ་གྲྭ་ནས་དགེ་ལེགས་འཕེལ།

阅读 1471
文章由 美篇工作版 编辑制作
投诉